Tuesday, January 28, 2014

ཆོས་བརྡ་གསལ་བསྒྲགས།



༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་ནས་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་ཕུན་སུམ་ཚོགས་པ་ལྔ་ལྡན་གྱི་སྒོ་ནས་ཆོས་ཀྱི་འཁོར་ལོ་བསྐོར་བར་བྱ་བའི་ཚུལ་ནི།


དང་པོ།            ཆོས་ཕུན་སུམ་ཚོགས་པ་སྙན་བརྒྱུད་གདམས་པའི་རྒྱལ་པོ་ཟབ་ལམ་བླ་མ་མཆོད་པའི་ཁྲིད་སྙན་བརྒྱུད་མན་ངག་གི་གཏེར་མཛོད་དང་། དགེ་ལྡན་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་འགྲེལ་སོགས་ཚེ་གཅིག་ལ་ཟུང་འཇུག་སྒྲུབ་པའི་ཐབས་ཚང་ལ་མ་ནོར་བའི་གདམས་ངག་གི་སྐོར།

གཉིས་པ།         དུས་ཕུན་སུམ་ཚོགས་པ་ཆོ་འཕྲུལ་ཟླ་བའི་མར་ངོའི་ཚེས་ཉེར་ལྔ་སྟེ་མཁའ་འགྲོ་འདུ་བའི་དུས་ཚིགས་ཁྱད་པར་ཅན་གྱི་ཉིན།

གསུམ་པ།         སྟོན་པ་ཕུན་སུམ་ཚོགས་པ་གནས་ལྔ་རིག་པའི་པཎྜི་ཏ་ངེས་དོན་གྱི་འདུལ་བ་འཛིན་པ་ཆེན་པོ་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས

བཞི་པ།           གནས་ཕུན་སུམ་ཚོགས་པ་དཔའ་བོ་དཔའ་མོ་སྤྲིན་ལྟར་འདུ་བའི་ཡུལ་ཛ་ལན་དྷ་རའི་བྱང་ཕྱོགས་སུ་གནས་པའི་ རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་སྒོམ་གྲྭ་ཆེན་པོ་གསང་ཆེན་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ།

ལྔ་པ།             འཁོར་ཕུན་སུམ་ཚོགས་པ་༸སྐྱབས་རྗེ་མཁན་ལས་ཟུར་གྱིས་གཙོ་བོར་བྱས་­­པའི་དགེ་འདུན་འདུས་པ་རྒྱ་མཚོ་དང་། དད་ལྡན་ཕྱི་ནང་གི་ཆོས་ཞུ་བ་སྐལ་བ་དང་ལྡན་པའི་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོའི་ཚོགས་རྣམས་སོ།།


༧སྐྱབས་རྗེ་རིན་པོ་ཆེའི་མཛད་རྣམ་མདོར་བསྡུས།  
 ༄༅།། ནམོཨབལོཀིཏེཤྭརཱཡ།  འཕགས་མཆོག་འཇིག་རྟེན་མགོན་པོའི་བཞེད་དགོངས་རྣམས།། མཁྱེན་པའི་ནུས་སྟོབས་མངའ་དང་ལྷན་ཅིག་ཏུ།། ལག་ཏུ་ལེན་ལ་གཞན་དྲིང་མི་འཇོག་པའི།། དམ་པ་ཁྱེད་ནི་སྲས་ཀྱི་ཐུ་བོ་ཉིད།། ཅེས་མངོན་བསྟོད་ཀྱིས་སྔོན་བསུས་ཏེ།  ༸སྐྱབས་རྗེ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་བློ་བཟང་བསྟན་འཛིན་མཆོག་ནི་ཕྱི་ལོ་ ༡༩༣༩ ལོར་བོད་མདོ་ཁམས་འཇོལ་ནགས་འབྲུག་ཏུ་ཡབ་མགོན་པོ་བསོད་ནམས་དང་ཡུམ་པདྨ་མཁའ་འགྲོའི་སྲས་སུ་འཁྲུངས། སྐུ་བྱིས་པའི་དུས་ནས་དམ་པའི་རང་རྟགས་མངོན་དུ་གསལ་ཞིང་། དགུང་ལོ་བཞིར་སོན་པ་ན་རབ་ཏུ་དབྱུང་རྒྱུར་ཐུགས་འདུན་ཤུགས་དྲག་གིས་ཡངས་ཅན་ཕུན་ཚོགས་གླིང་དགོན་པར་ཞུགས། དགུང་ལོ་ལྔ་པར་ཟམ་གདོང་སྐུ་ཕྲེང་བཞི་པའི་ཡང་སྲིད་དུ་ངོས་འཛིན་གྱིས་འཇོལ་དགའ་ལྡན་བདེ་ཆེན་གླིང་དུ་ཁྲི་འདོན་ཞུས། དགུང་ལོ་བདུན་པར་༸སྐྱབས་རྗེ་ཟངས་འབུམ་ངག་དབང་བློ་བཟང་བསྟན་འཛིན་ཆུ་གཏེར་ལས་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་བཞེས། དགུང་ལོ་དགུ་པར་བཤེས་གཉེན་ཆེན་པོ་ངག་དབང་སྦྱིན་པ་སོགས་བསྟེན་ནས་ཐུན་མོང་བའི་རིག་གནས་དང། དགུང་ལོ་བཅུ་གཉིས་པར་དཔལ་ལྡན་འབྲས་སྤུངས་སུ་ཆོས་ཞུགས་ཀྱིས་གཞུང་ཆེན་ལ་ཐོས་བསམ་དང་ཆོས་བཀའ་མང་ཙམ་གསན་བཞེས་གནང་། ཕྱི་ལོ་ ༡༩༥༩ ལོར་འཛིན་གྲྭ་དབུ་མ་རྙིང་པར་ཕེབས་ཙམ་ན་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་འབྱོར་གྱིས་ལོ་དེའི་དགུན་ཐོག་༸སྐྱབས་མགོན་རྒྱལ་བའི་དབང་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོས་དབུས་དགེ་འདུན་གྲངས་ཚང་བའི་དྲུང་ནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོའི་གཙུག་ལག་ཁང་དུ་དགེ་སློང་གི་དངོས་པོ་ཡང་དག་པར་བཞེས། ཕྱི་ལོ་ ༡༩༦༠ ལོ་དཀྱིལ་ནས་བཞུགས་སྒར་དྷ་རམ་ས་ལར་ཕེབས་ཏེ་༸སྐྱབས་རྗེ་ཡོངས་འཛིན་རྣམ་གཉིས་ཀྱི་དྲུང་ནས་ཐོས་བསམ་དང་། འབྲི་རྩོམ། ཆོས་ཞུ། དཔེ་ཁྲིད་སོགས་ཅི་རིགས་ཞུ་རྒྱུའི་སྐལ་བཟང་ཐོབ། དེ་ནས་བསྟན་སྲིད་མི་རིགས་དང་བཅས་པའི་དོན་དུ་རླབས་ཆེན་མཛད་འཕྲིན་གྱི་སྒོ་མོ་ཡངས་པོར་ཕྱེ་བར་བརྟེན། མཛད་རྗེས་ཐུན་མོང་སྣང་རུང་རྣམས་ཀྱང་ཞིབ་ཚགས་ཞུ་ཐབས་མ་མཆིས་ན། གཞན་རྣམས་ལྟ་ག་ལ་བཟོད།



གསུང་ཆོས་ཀྱི་དུས་ཚིགས་དང་འབྲེལ་བ་གནང་ཡུལ།

༄༅།། དེ་ཡང་ལོ་ལྟར་འདི་ག་རྒྱུད་སྟོད་གྲྭ་ཚང་ནས་གལ་ཆེའི་དབང་ལུང་མན་ངག་རྣམས་མི་ཉམས་རྒྱུན་འཛིན་ཉམས་པ་སླར་གསོ་དང་། དེ་བཞིན་དོན་གཉེར་ཅན་མང་དག་ཅིག་ལ་ཕན་ཐོགས་ཡོང་རྒྱུར་དམིགས་ཏེ་གསུང་ཆོས་གོ་སྒྲིག་ཞུས་དང་ཞུ་མུས་ལ། འདི་ལོ་ཇི་ལྟར་རྒྱུན་རིང་ནས་གསོལ་བ་ཕུར་ཚུགས་སུ་བཏབ་པ་བཞིན་༸སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་རྗེ་བཙུན་བློ་བཟང་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་ཕྱག་ཆེན་རྩ་བ་རྒྱལ་བའི་གཞུང་ལམ་དང་། དགེ་ལྡན་བཀའ་བརྒྱུད་རིན་པོ་ཆེའི་བཀའ་སྲོལ་ཕྱག་རྒྱ་ཆེན་པོའི་རྩ་བ་རྒྱས་པར་བཤད་པ་ཡང་གསལ་སྒྲོན་མེ་གཉིས་དང་། དེ་བཞིན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་མཛད་པའི་བླ་མ་མཆོད་པའི་རྩ་གཞུང་དང་། དཀའ་ཆེན་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པའི་བླ་མ་མཆོད་པའི་ཁྲིད་ཡིག་གསང་བའི་གནད་རྣམ་པར་ཕྱེ་བ་སྙན་རྒྱུད་མན་ངག་གི་གཏེར་མཛོད་བཅས་ཀྱི་ཉམས་ཁྲིད་དང་། གཞི་ལམ་འབྲས་གསུམ་ཕྱག་རྒྱ་ཆེན་པོའི་ངོས་འཛིན་ལས་བརྩམས་པའི་ཤེས་རབ་དང་བདག་འཛིན་གཉིས་ཀྱི་གཤགས་འདེབས་ཀྱི་བཤད་ཁྲིད། དབེན་ས་སྙན་བརྒྱུད་ཀྱི་བླ་མའི་རྣལ་འབྱོར་ཐུན་མོང་མ་ཡིན་པ་དང་འབྲེལ་བའི་ཕྱག་ཆེན་གྱི་འཁྲིད་མན་ངག་ཞལ་ཤེས་དང་བཅས་པའི་ཁ་ཆེམས་རླུང་ལ་བསྐུར་བའི་འཕྲིན་ཡིག་གི་ལུང་རྐྱང་བཅས་གནང་རྒྱུའི་ཞལ་བཞེས་སྤྱི་བོའི་གསོས་སུ་སྨིན་སྩོལ་བྱུང་བ་བཞིན་བོད་རྒྱལ་ལོ་ ༢༡༤༡ ཟླ་ ༡ ཚེས་ ༢༥ ཕྱི་ལོ་ ༢༠༡༤ ཟླ་ ཚེས་ ༢༦ ནས་ཉུང་མཐར་བདུན་ཕྲག་གསུམ་རིང་གནང་གཏན་འཁེལ་ཞིང་། འབྲེལ་བ་གནང་ཡུལ་དང་གསུང་ཆོས་དུས་ཚོད་གཤམ་བཀོད་ཡོད་པས་དེ་ནས་མཁྱེན་རྟོགས་ཡོང་རྒྱུ། འོན་ཀྱང་ཆོས་ཞུ་བ་རྣམས་ཀྱིས་ངེས་པར་ཐུགས་འཇགས་གནང་དགོས་པ་ཞིག་ནི། གལ་ཏེ་བྱུང་ན་གསང་བདེ་འཇིགས་གསུམ་གྱི་དབང་ཆེན་དང་། དེ་ལྟར་མ་བྱུང་ན་དེ་གསུམ་གང་རུང་ཞིག་གི་དབང་ཆེན་ངེས་པར་ཐོབ་པ་ཞིག་དགོས། དེ་བཞིན་བླ་མཆོད་བདེ་སྟོང་དབྱེར་མེད་མ་ཉིན་བཞིན་ཆག་མེད་ཞལ་འདོན་ངེས་པར་གནང་དགོས་པ་དེ་དོན་དགོངས་འཇགས་ཡོང་བ་ཞུ།  དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་ནས་  ༢༠༡༣ ཕྱི་ཟླ་ ༡༢ ཚེས་ ༩ ལ།།

དུས་ཚོད།      
ཉིན་རྒྱབ་ཚོུད་ ༡ ནས་ ༣ བར་དང་།
སླར་ཡང་ཉིན་རྒྱབ་ཚོུད་ ༣།༣༠ ནས་ ༥།༣༠

འབྲེལ་བ་གནང་ཡུལ་མཚན་དང་ཞལ་དཔར་ཨང་གྲངས།   
༡། བསོད་ནམས་ལགས། ༨༦༧༩༧༨༣༧༧༥
༢། སངས་རྒྱས་དོན་གྲུབ་ལགས། ༩༤༡༨༢༦༤༤༠༢
༣། འཇམ་དཔལ་རྒྱ་མཚོ་ལགས། ༩༤༡༨༥༤༢༤༤༤
༤། སྐལ་བཟང་རྒྱ་མཚོ་ལགས། ༨༦༧༩༣༤༣༨༤༣

Saturday, September 14, 2013

ད་ལམ་ཉིན་གསུམ་གྱི་རིང་གསང་སྔགས་རྡོ་རྗེ་ཐེག་པའི་གལ་གནད་འགའ་ཞིག་གི་ཐོག་བགྲོ་གླེང་ཆེན་མོ་དོན་དང་ལྡན་པའི་ངང་ནས་ མཇུག་གྲུབ་པ།





དེ་ཡང་ཕྱི་ལོ་༢༠༡༣ ཕྱི་ཟླ་  ཚེས་ ༢༨ ཉིན་ཐོག་མར་དབུ་འཛུགས་སྐབས་༧སྐྱབས་རྗེ་བླ་དབུ་རིན་པོ་ཆེན་ནས་གསང་སྔགས་རྡོ་རྗེ་ཐེག་པའི་གཞུང་སྤྱི་དང་ལྷག་པར་མཐོང་བརྒྱུད་ཀྱི་ཕྱག་ལེན་ཟབ་མོ་རྣམས་མི་ཉམས་རྒྱུན་འཛིན་དགོས་གལ་ཆེ་བའི་སྐོར་བཀའ་སློབ་ཟབ་རྒྱས་གནང་


༧སྐྱབས་རྗེ་མཁན་ཆེན་རྡོ་རྗེ་འཆང་ཆེན་པོས་ཡི་དམ་གསང་བདེ་འཇིགས་གསུམ་གྱི་ཁྱད་ཆོས་དང་རྒྱུད་ཀྱི་བྱུང་རབས།  དེ་དག་གི་མཚན་དོན་དང་། རྒྱུད་དེ་རྣམས་ཐོག་མར་གནས་གང་དུ་གསུངས་པ། རྒྱལ་བ་རྡོ་རྗེ་འཆང་ནས་ད་ལྟའི་རྩ་བའི་བླ་མའི་བར་གྱི་བརྒྱུད་རིམ་བར་མ་ཆད་པ་ཇི་ལྟར་བྱོན་ཚུལ་སོགས་ཀྱི་སྐོར་གསུང་བཤད་དང་དོགས་འདྲི་ཁག་ལ་བཀའ་ལེན་གནང་།



༧སྐྱབས་རྗེ་བླ་དབུ་རིན་པོ་ཆེ་ནས་གསང་བདེ་འཇིགས་གསུམ་གཙོས་པའི་སྔགས་བླ་མེད་ཀྱི་ཆོ་གའི་སྐབས་ཕྱག་སྟབས་ཇི་ཡིན་ཚུལ་དང་། ལྷག་པར་རྒྱུད་སྡེ་གོང་འོག་གི་ཕྱག་སྟབས་ཀྱི་ཁྱད་པར། དེ་དག་གཞུང་གང་དུ་ཁ་གསལ་མིན་གྱི་སྐོར་ལ་གསུང་བཤད་དང་དྲི་བ་དྲིས་ལེན་གནང་།

དགེ་རྒན་ཆེན་མོ་སྔགས་རམས་པ་རྒན་དགེ་འདུན་ཚེ་རིང་མཆོག་ནས་གསང་བདེ་འཇིགས་གསུམ་གྱི་ས་ཆོག་དང་། སྦྱིན་སྲེག་བཅས་ཀྱི་སྐོར་ལ་མཐོང་བརྒྱུད་ཀྱི་ཕྱག་སྲོལ་བཟང་པོ་ཇི་ལྟར་ཡིན་ཚུལ་དང་།  དེ་དག་གི་གཞུང་ཚིག་རེ་རེ་བཞིན་འབྲུ་དེད་ཀྱི་གསུང་བཤད་ཟབ་རྒྱས་དང་དོགས་འདྲི་ཁག་ལ་བཀའ་ལན་གནང་། འདིའི་སྐབས་སུ་༧སྐྱབས་རྗེ་བླ་དབུ་རིན་པོ་ཆེ་དང་།  དཔེ་ཁྲིད་རྒན་དགེ་བཤེས་མཁན་གྲུབ་ནོར་བཟང་རྣམ་གཉིས་སྔགས་ཀྱི་གཞུང་ལ་མཁྱེན་རྒྱ་ཆེ་བ་མ་ཟད་ཆོ་ག་ཕྱག་ལེན་ལའང་ཐུགས་རྒྱུས་ཆེ་སྟབས་མཐོང་བརྒྱུད་ཀྱི་ཕྱག་བཞེས་དེ་རྣམས་རྒྱུད་དང་རྒྱ་གཞུང་ལྷག་པར་རྗེ་ཡབ་སྲས་ཀྱི་གསུང་གང་དང་གང་ལ་ཁུངས་ཐུག་ཡོད་མེད་ཀྱིས་ཟུར་རྒྱན་གྱི་ཚུལ་དུ་ལམ་སྟོན་དང་བཀའ་སློབ་གནང།



མཇུག་སྡོམ་སྐབས་༧སྐྱབས་རྗེ་མཁན་རིན་པོ་ཆེ་ནས་བཀའ་སློབ་གནང་བའི་སྙིང་དོན། རང་ཅག་རྣམས་བསྟན་པའི་རྩ་བ་ཕྱི་འདུལ་བའི་ཀུན་སྤྱོད་རྣམ་པར་དག་པ་ཞིག་དགོས་པ་ཤིན་ཏུ་གལ་ཆེ་བས་གཞི་གསུམ་གྱི་ཆོ་གའི་ཉམས་ལེན་ཚད་ལྡན་གནང་དགོས་པ་དང་། དེ་བཞིན་བསྟན་པའི་སྲོག་ཤིང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བློ་སྦྱོང་དང་མྱོང་གོམས་གལ་ཆེན་ཡིན་པ། བསྟན་པའི་སྙིང་པོ་གསང་སྔགས་སྤྱི་དང་ལྷག་པར་རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པ་ཡིན་པས་དེ་དག་གི་གཞུང་ལ་འཆན་ཉན་དང་སློབ་སྦྱོང་ཉམས་ལེན་གནང་གལ་ཆེ་ཚུལ། གཞན་ཡང་དགེ་འདུན་གྱི་འདུ་ཁྲིམས་སོགས་གལ་ཆེ་ཡིན་པས་རྩི་སྲུང་དགོས་པའི་བཀའ་སློབ་དང་བཅས་མཇུག་བསྡུས་སོ།། །།


      ས་ཡི་སྟེང་ན་འགྲན་པའི་ཟླ་བྲལ་བ།། འདུལ་བ་འཛིན་པའི་རིག་སྔགས་འཆང་བའི་སྡེ།། 

འདི་ཉིད་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ།། དར་ཞིང་རྒྱས་པའི་བཀྲ་ཤིས་དམ་པ་སྩོལ།།











Sunday, July 28, 2013


རྒྱ་བཏབ་ར་མོ་ཆེའི་རྟེན་གཙོ་ཇོ་བོ་མི་བསྐྱོད་རྡོ་རྗེ།

རྒྱ་བཏབ་ར་མོ་ཆེའི་གཙུགས་ལག་ཁང་འདི་ཉིད་དུ། ཐོག་མར་རྒྱ་ནག་གི་མཆོད་གནས། གསེར་གྱི་ལྷ་ཤཱཀྱ་མུ་ནེ་བཞུགས་པ་ཡིན་ནའང་། དབོན་ཞང་འཁྲུག་ལོང་བྱུང་བའི་ཚེ། ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་སུ་བཅུག་པ་ལས། སླར་ཤཱཀྱ་མུ་ནེ་ར་སའི་གཙང་ཁང་དབུས་མ་དང་། མི་བསྐྱོད་རྡོ་རྗེ་ར་མོ་ཆེར་བཞུགས་པ་ཡིན་ཞིང་། དེ་ཡང་བོད་ཆོས་རྒྱལ་གྱིས་བློན་པོ་མགར་ལ་སོགས་པའི་ཕོ་ཉ་མང་པོ་བལ་ཡུལ་དུ་མངགས་ཏེ། ཇོ་མོ་ཁྲོ་གཉེར་ཅན་གྱི་སྤྲུལ་པ་ལྷ་གཅིག་ཁྲི་བཙུན་བཙུན་མོར་བསུས་པའི་དུས་སུ་ཁྲི་བཙུན་གྱིས། རང་གི་ཡབ་བལ་རྗེ་ལ། དེ་འདྲའི་མཐའ་འཁོབ་གནས་སུ་བདག་མཆི་ན། །བདག་གི་བསོད་ནམས་གསོག་པའི་མཆོད་གནས་སུ། །ཡབ་ཀྱི་མཆོད་གནས་ཤཱཀྱ་མུ་ནེ་ཞུ། །ཞེས་གསོལ་བའི་ལན་དུ། བདག་གི་མཆོད་གནས་ཤཱཀྱ་མུ་ནེ་ནི། །ཡོན་བདག་ལྷ་ཡི་དབང་པོས་བྱས་པ་ཡིན། །རྒྱུ་ནི་རིན་ཆེན་སྣ་ཚོགས་ལས་གྲུབ་པ།། བཟོ་བོ་ལྷ་ཡི་བི་ཤྭ་ཀརྨས་བྱས། །དེ་ཡང་སངས་རྒྱས་ཉིད་ཀྱིས་བྱིན་རླབས་ཡིན། །རྒྱལ་བ་ཉིད་ཀྱིས་རབ་ཏུ་གནས་པར་མཛད། །གང་ཞིག་ད་ལྟ་མཆོད་པ་བྱས་པ་དང་། །འདས་ནས་སྐུ་གཟུགས་མཆོད་པ་ཁྱད་མེད་གསུངས། །ཞེས་སོགས་བསླབ་བྱ་མང་པོ་དང་བཅས་ནས་བརྫངས་པའི་ཚེ། བྲག་དང་ཆུ་འཐབ་པའི་འཕྲང་ལ་ཞབས་ཐང་ལ་ཕེབས་པ་དང་། འོད་ཟེར་འཕྲོས་པའི་ལྷ་ཡིན་ནོ། སྤྱིར་ཡང་བརྒྱ་བྱིན་གྱིས་སྦྱིན་བདག་བྱས་ནས། རྒྱལ་བ་ཉིད་དགུང་ལོ་བརྒྱད་པའི་སྐུ་ཚད་དུ་བཞེངས་པར། སངས་རྒྱས་ཉིད་ཀྱིས་རབ་གནས་མཛད། ཇོ་བོ་ཤཱཀྱ་མུ་ནེ་དང་འདི་ཉིད་སྐུ་རྒྱུ་གཅིག་པར་ཆོས་འབྱུང་འགའ་ཞིག་ཏུ་སྣང་བ་ནི། རིན་ཆེན་སྣ་ཚོགས་འདུས་པར་བཤད་པ་དང་གུང་འགྲིག་པ་ཙམ་ཡིན་ཞིང་། ཐུབ་པ་ལྷ་ཡུལ་མ་ཇོ་བོའི་བཟོ་ཕུད་དུ་བཞེད་པ་ལྟར་ན་དཔྱད་དགོས། དུས་ཕྱིས་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་དཔལ་བཟང་པོས་རྟོགས་པ་དང་བརྫུ་འཕྲུལ་ལ་མངའ་བརྙེས་པའི་རང་རྟགས་ཀྱིས་ལྷ་སའི་སྐྱིད་ཆུའི་འཇིགས་པ་ཞི་བར་བྱས་པས་གཞུང་ས་མཆོག་ནས་ར་མོ་ཆེ་རྟེན་དང་བརྟེན་པ་བཅས་བདག་རྐྱེན་དུ་ཕུལ། དེ་ནས་བཟུང་དཔལ་ལྡན་སྟོད་རྒྱུད་པའི་གདན་སར་གྱུར་པ་ཡིན་ནོ།།

རྒྱུད་འགྲེལ་ཆེ་མོའམ་ཡོངས་སུ་གྲགས་པ་འགྲེལ་བ་བཞི་སྦྲགས་ཀྱི་ངོ་སྤྲོད་དང་། རྗེ་བླ་མ་ཡབ་སྲས་ནས་དུས་ད་ལྟའི་བར་འཆད་ཉན་གྱི་རྒྱུན་ཇི་ལྟར་བྱུང་ཚུལ
དེ་ལ་འདིར་ས་གསུམ་གྱི་སྒྲོན་མེ་གཅིག་པུ་རྒྱུད་ཐམས་ཅད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་ཚིག་དོན་མ་ལུས་པ་འགྲེལ་པ་བཞི་སྦྲགས་པའི་སྒོ་ནས་ཇི་ལྟར་འཆད་བྱ་པར་བྱ་བའི་རིམ་པ་རྣམས་ཅུང་ཟད་བརྗོད་པར་བྱ་བ་ལ། དཔལ་གསང་བ་འདུས་པའི་རྩ་བའི་རྒྱུད་ཀྱི་རྒྱལ་པོ་ཆེན་པོ། དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་མན་ངག་ལ་བརྟེན་ནས་འཆད་པའི་ཚུལ་ལ་ཡང་། ཡི་གེ་བྲི་བསྣན་གྱི་སྒོ་ནས་བཤད་ཚུལ། གཞུང་གོང་འོག་དཀྲུག་སྟེ་བཤད་ཚུལ། རྒྱུད་རྐྱང་གི་བཤད་ཚུལ། རྒྱན་བདུན་གྱི་སྒོ་ནས་ཚོགས་པ་ལ་བཤད་ཚུལ་དང་། སློབ་མ་ལ་བཤད་ཚུལ་སོགས་བཤད་སྲོལ་ཤིན་ཏུ་མང་བར་གྲགས་ཤིང་། ཁྱད་པར་དུ་རྗེ་བཙུན་ལྷོ་བྲག་མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་ལ། གྲུབ་ཆེན་ནཱ་རོ་པ་སོགས་ལས་བརྒྱུད་པའི་འདུས་པའི་མན་ངག་གི་བཤད་སྲོལ་མི་འདྲ་བ་བདུན་མངའ་བ་དང་། རྗེ་རིན་པོ་ཆེ་འགོས་ལོ་ཙཱ་བ་ཁུག་པ་ལྷས་བཙས་ལ། བླ་མ་མངོན་ཤེས་ཅན་དང་། བཙུན་མོ་ཅན་དང་། རྒྱལ་བུ་སྤྲིན་གྱི་ཤུགས་ཅན་དང་། ཙནྡྲ་ཧ་རི། ཛྙཱ་ན་ཀ་ར། བལ་པོ་མཐིལ་གྱི་ཧ་དུ། ན་ག་ཀོ་ཊི། ནག་པོ་དམ་ཚིག་རྡོ་རྗེ། ཇོ་བོ་རྗེ་དཔལ་ཨ་ཏི་ཤ་སོགས་ལ་བརྟེན་ནས་བརྒྱུད་པའི་འདུས་པའི་གཞུང་བཤད་ཀྱི་བཤད་སྲོལ་མི་འདྲ་བ་བཅུ་མངའ་བར་གསུངས་སོ། །དེ་ལྟར་རྒྱ་གར་གྱི་པཎ་གྲུབ་རྣམས་དང་། བོད་གངས་ཅན་གྱི་མཁས་གྲུབ་ཆེན་པོ་རྣམས་ཀྱི་བཤད་སྲོལ་གྱི་རྒྱུན་རྣམས། ཆུ་ལམ་བརྒྱུད་དང་། རྡོ་ལག་བརྒྱུད་ཀྱི་ཚུལ་གྱིས། མཁས་གྲུབ་ཆེན་པོ་ཁྱུང་པོ་ལྷས་པ་གཞོན་ནུ་བསོད་ནམས་དང་། གོང་གསུམ་པ་བདེ་ཆེན་ཆོས་ཀྱི་དཔལ་བ་དང་། མཉམ་མེད་རྗེ་བཙུན་རེད་མདའ་བ་གཞོན་ནུ་བློ་གྲོས་དང་གསུམ་ག་ལ་མངའ་བ་རྣམས། ཡབ་རྗེ་རྒྱལ་བ་གཉིས་པ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ཡོངས་སུ་རྫོགས་པར་གསན་པར་མཛད་དོ། །དེར་མ་ཟད་བླ་མ་རྗེ་བཙུན་འཇམ་པའི་དབྱངས་ཀྱིས་ཀྱང་། རྗེ་བདག་ཉིད་ཆེན་པོ་ལ་འདུས་པའི་སྨིན་གྲོལ་གྱི་ལམ་གྱི་མན་ངག་གི་གནད་འགག་མཐའ་དག་མ་ལས་པར་དངོས་སུ་འདོམས་པར་མཛད་པ་ལ་བརྟེན་ནས་ཐུགས་ཉམས་སུ་གཞེས་ཏེ། རྒྱུད་དོན་སྨྲ་བ་ལ་མི་འཇིགས་པའི་གདེངས་ཁྱད་པར་ཅན་ཐོབ་པའི་ཚུལ་བསྟན་པ་ན། འདུས་པའི་རྩ་རྒྱུད་ཆེན་པོའི་དགོངས་དོན་མཐའ་དག འགྲེལ་བྱེད་ཀྱི་གཞུང་བཞི་སྦྲགས་པའི་སྒོ་ནས་འཆད་པར་བྱེད་པའི་ཚུལ་འདི་ཉིད་གསལ་བར་མཛད་པ་ནི། སྔ་ན་མེད་པའི་ངོ་མཚར་བའི་ལེགས་བཤད་རྨད་དུ་བྱུང་བའི་ཁྱད་ཆོས་བླ་ན་མེད་པ་ཡིན་ནོ། །དེ་ལ་གང་བཤད་པར་བྱ་བའི་གཞིའམ་རྩ་བ་ལྟ་བུ་ནི་དཔལ་གསང་བ་འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པོ་འདི་ཡིན་ལ། གང་གིས་འཆད་པར་བྱེད་པའི་འགྲེལ་པ་ལ། ༼༡༽དཔལ་ལྡན་ཟླ་བ་གྲགས་པས་མཛད་པའི་སྒྲོན་གསལ་དང་། ༼༢༽རྗེ་བདག་ཉིད་ཆེན་པོས་མཛད་པའི་མཆན་གྱི་ཡང་འགྲེལ། ༼༣༽མཐའ་གཅོད་རིན་པོ་ཆེའི་མྱུ་གུ། ༼༤༽ས་བཅད་བསྡུས་དོན་དང་བཞི་ཡོད་དོ། །དེ་རྣམས་ཀྱིས་ཇི་ལྟར་འཆད་ན། སྒྲོན་མ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས། ལེའུ་བཅུ་བདུན་པོ་རྣམས་ཀྱིས་བསྙེན་སྒྲུབ་ཡན་ལག་བཞི་སྟོན་པའི་ཚིག་དོན་མ་ལུས་པ་མཐའ་དྲུག་གིས་རྒྱས་པར་བཤད་པ་ཡིན་ནོ། །སྒྲོན་མ་གསལ་བའི་ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ལ། དཀྱུས་མཆན་དང་། ཟུར་མཆན་གཉིས་ཡོད་པས། དང་པོ་དཀྱུས་མཆན་ནི། སྒྲོན་གསལ་གྱི་གཞུང་དཀྱུས་མའི་ཚིག་དོན་རྣམ་པར་འགྲེལ་པའི་མཆན་བུ་ཡིན་པས་ན་དཀྱུས་མཆན་ཏེ་དེས་རྩ་རྒྱུད་དང་སྒྲོན་གསལ་གཉིས་ཀའི་མན་ངག་གི་གནད་ཐམས་ཅད་གསལ་བར་འགྲེལ་བ་དང་། གཉིས་པ་ཟུར་མཆན་ལ། འགྱུར་མཆན་དང་། ཟུར་མཆན་དངོས་གཉིས་ཡོད་པས། ལོ་ཙཱ་བས་འགྱུར་མ་འདྲ་བ་རེ་ཡོད་པ་རྣམས་མཆན་གྱིས་གསལ་བར་བྱེད་པས་ན་འགྱུར་མཆན་ཏེ། དེས་འགྱུར་གྱིས་སྒྲ་དོན་མ་ཐོན་པ་དང་། སྒྲ་དོན་ཕན་ཚུན་མ་མཐུན་པ་དང་། སྒྲ་དོན་མི་གསལ་བ་དང་། སྒྲ་དོན་གོ་དཀའ་བ་ལ་སོགས་པ་རྣམས་འགྱུར་གཞན་དག་གིས་ཐོན་པར་བྱས་ཏེ། ཚིག་དོན་དང་མཐུན་པར་ཤིན་ཏུ་གསལ་ཞིང་གོ་བདེ་བར་བཀྲལ་བ་དང་། གཉིས་པ་ཟུར་མཆན་དངོས་ནི། དོན་ཟུར་པ་རྣམས་སྐབས་སུ་གང་བབས་ཀྱིས་འཆད་པར་བྱེད་པའི་མཆན་ཡིན་པས་ན་ཟུར་མཆན་ཏེ། དེས་གཞུང་གི་དོན་ཟུར་པ་རྣམས་ཀྱང་རྒྱུད་དང་འགྲེལ་པའི་དོན་ལ་ཕྱོགས་མཐུན་གྱི་ཚུལ་དུ་ཟུར་དུ་འགྲེལ་པར་མཛད་པ་སྟེ། དེ་ལྟར་དཀྱུས་མཆན་འགྱུར་མཆན་ཟུར་མཆན་གསུམ་གྱི་སྒོ་ནས་ངེས་ཤེས་བསྐྱེད་པར་བྱས་ཏེ་རྩ་རྒྱུད་ཀྱི་ཚིག་དོན་སྒྲོན་གསལ་གྱིས་ཇི་ལྟར་བཀྲལ་བ་རྣམས་སླར་ཡང་མཆན་གྱིས་རྣམ་པར་འགྲེལ་བའོ། །དཀའ་བའི་གནད་ཀྱི་མཐའ་གཅོད་རིན་པོ་ཆེའི་མྱུ་གུས་རྩ་རྒྱུད་དང་སྒྲོན་གསལ་གཉིས་ཀྱི་ཚིག་དོན་གྱི་དཀའ་བའི་གནས་རྣམས། རྒྱུད་དང་གྲུབ་ཆེན་གྱི་མན་ངག་ལ་བརྟེན་ནས་ཚིག་དང་དོན་གྱི་གནད་འགག་མ་ལུས་པའི་མཐའ་ཡོངས་སུ་གཅོད་པར་བྱེད་པའི་སྒོ་ནས་འགྲེལ་པར་མཛད་པའོ། །འདུས་པའི་རྩ་རྒྱུད་སྒྲོན་མ་རབ་ཏུ་གསལ་བར་བྱེད་པ་ཞེས་བྱ་བའི་རྒྱ་ཆེར་བཤད་པས་འཆད་པའི་ས་བཅད་བསྡུས་དོན་གྱིས། རྩ་རྒྱུད་དང་འགྲེལ་པ་སྒྲོན་གསལ་གྱི་ཁུངས་ནས་དོན་ཚན་གྱི་ས་བཅད་ལོགས་སུ་བཏོན་ཏེ་ཚིག་དོན་ཐམས་ཅད་བསྡུས་འགྲེལ་གྱི་སྒོ་ནས་གོ་བདེ་ཞིང་རྟོགས་པར་སླ་བའི་ཚུལ་གྱིས་འགྲེལ་པའོ། །དེ་ལྟར་ན་ཚུལ་ཇི་ལྟར་འཆད་པར་བྱེད་པའི་ཚིག་དོན་རྣམ་པར་བཀྲ་བའི་ས་བཅད་བསྡུས་དོན་གྱིས་དོན་ཚན་སོ་སོར་ཕྱེ་བར་བྱས་ཏེ། བཤད་བྱ་རྩ་བའི་རྒྱུད་ཀྱི་ཚིག་དང་དོན་གང་ཡིན་ངོས་ཟིན་པ་དེ་ཉིད། གང་གིས་འཆད་པར་བྱེད་པའི་འགྲེལ་པ་སྒྲོན་གསལ་གྱིས་མཐའ་དྲུག་དང་ཚུལ་བཞིའི་སྒོ་ནས་གཏན་ལ་ཕབ་པ་རྣམས་མཆན་གྱི་ཡང་འགྲེལ་གྱིས་སླར་ཡང་མན་ངག་གི་བཤད་པ་ལ་བརྟེན་ནས་སྨིན་གྲོལ་གྱི་ལམ་རིམ་པ་གཉིས་ལ་ངེས་པ་བསྐྱེད་ཅིང་། ད་དུང་རྟོགས་པར་དཀའ་བའི་གནད་ཕྲ་མོ་རྣམས། མཐའ་གཅོད་ཀྱིས་བཤད་དོན་ལ་ངེས་པ་ཆེན་པོ་སྟེར་བའི་ཚུལ་གྱིས་གཏན་ལ་ཕབ་སྟེ། དཔལ་གསང་བ་འདུས་པའི་ལམ་གྱི་སྙིང་པོ་ཐམས་ཅད་འཆད་ཉན་གྱི་སྒོ་ནས་ཆེས་ཤིན་ཏུ་གསལ་བར་བྱེད་པས་ན་འགྲེལ་པ་བཞི་སྦྲགས་ཞེས་བརྗོད་པ་ཡིན། ། ཡང་གསུང་ཚུལ་གཞན་ཞིག་ལ་འགྲེལ་པ་བཞི་ཀ་རྗེ་བླ་མ་ཙོང་ཁ་པས་མཛད་པ་ཞིག་དགོས་པའི་དབང་དུ་བྱས་ནས། ༡ དཀྱུས་མཆན། ༢ ཟུར་མཆན། ༣ མཐའ་གཅོད། ༤ ས་བཅད་བཅས་བཞི་ལ་ངོས་འཛིན་མཁན་ཡང་ཡོད་དོ།།

༈ གསང་ཆེན་དཔལ་ལྡན་སྟོད་རྒྱུད་པའི་ཐོག་མའི་རྡོ་རྗེ་སློབ་དཔོན་རྒྱུད་ཆེན་རྡོ་རྗེ་འཆང་ཀུན་དགའ་དོན་གྲུབ་དཔལ་བཟང་པོས་རབ་བྱུང་བརྒྱད་པའི་ཤིང་རྟ་ ཕྱི་ལོ་ ༡༤༧༤ ལོར་དབུས་སྟོད་བྱམས་པ་གླིང་དུ་ཐོག་མར་རྒྱུད་འགྲེལ་ཆེན་མོའི་འཆད་ཉན་དབུ་འཛུགས་གནང་བ་ནས་བཟུང་ད་ལྟའི་མཁན་རིན་པོ་ཆེའི་བར་མི་ལོ་ཧྲིལ་པོོ་༥༣༩ ཙམ་གྱི་རིང་རྒྱུད་ཀྱི་འཆད་ཉན་བར་མ་ཆད་པ་གནང་མུན་ཡིན་པ་དང་། དེ་དང་ཕྱོགས་མཚུངས་རྗེ་བླ་མ་ཙོང་ཁ་པ་ཆེན་པོས་གསང་སྔགས་ཀྱི་བསྟན་པའི་བདག་པོར་མངའ་གསོལ་བ་དཔལ་ལྡན་སྨད་རྒྱུད་པའི་ཐོག་མའི་སློབ་དཔོན་རྒྱུད་ཆེན་ཤེས་རབ་སེང་གེས་ཐོག་མར་རྒྱུད་ཀྱི་འཆད་ཉན་གནང་བ་ནས་མཁན་ཐོག་རིམ་པས་ད་ལྟའི་བར་མི་ཉམས་རྒྱུན་འཛིན་གནང་ཡོད། དོན་དེ་ལ་དགོངས་ནས་གནམ་ལ་གྲགས་པ་ཉི་ཟླ་གཉིས་དང་། ས་ལ་གྲགས་པ་རྒྱུད་གྲྭ་གཉིས་ཞེས་པའི་བཤད་སྲོལ་ཡོད་པ་དོན་ལ་གནས། 











ཁྱེན་ལྡན་ཕྱི་ནང་གི་མི་རིགས་རྣམས་ལ་ཞུ་རྒྱུ། ངོས་རྒྱུད་སྟོད་དཔེ་མཛོད་ཀྱི་དམིགས་ཡུལ་བཟུང་བ་བཞིན་གོ་སྐབས་ལོངས་སྤྱོད་མཁན་དག་ལ་ང་ཚོ་ངོས་ནས་མཐུན་རྐྱེན་དང་དགའ་བསུ་གང་ལེགས་བྱ་ངེས་ལ། ལྷག་པར་དུ་ཁྱེད་ཅག་རྣམ་པས་གོང་གསལ་ང་ཚོའི་དམིགས་ཡུལ་དང་ལས་གཞི་ལེགས་འགྲུབ་ཡོང་སླད་དུ་ལམ་སྟོན་དང་མཐུན་འགྱུར་ཡོང་་སྙིང་ནས་རེ་འདུན་ཞུ།



དཔེ་མཛོད་ཀྱི་ལས་བྱེད་ལྷན་རྒྱས།